ལྷོ་ཁ་ཁུལ་གྱི་ཚིག་རྒྱག

རང་རེའི་མི་རིགས་འདི་ཉིད་དུས་ཡུན་རིང་པོའི་རང་བྱུང་ཁམས་དང་འཐབ་རྩོད་དང་ཐོན་སྐྱེད་བྱེད་པའི་གོ་རིམ་ནང་། དུས་རབས་སོ་སོའི་སྤྱི་ཚོགས་འཚོ་བའི་ནང་གི་དགའ་སྐྱོ་དང། བདེ་སྡུག། འདུན་པ་སོགས་དང་། དེ་བཞིན་མི་རིགས་ཀྱི་བསམ་བློའི་འཁྱེར་བཟོ་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་ཁམས་ཀྱི་ཆགས་ཚུལ་སོགས་མཚོན་པའི་དམངས་ཁྲོད་རྩོམ་རིག་དུ་མ་གསར་རྩོམ་བྱས་ཡོད་པ་མ་ཟད། དེ་དག་ཕལ་ཆེ་བ་ངག་ཐོག་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་སྤེལ་མཛད་ཡོད། དེ་ལས་ཀྱང་དམངས་གླུ་འདི་ཉིད་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་པའི་ཆ་ནས། མང་ཚོགས་ཀྱི་རང་བཞིན་ཆེས་ཆེར་ལྡན་ཡོད། “དམངས་ཁྲོད་ཀྱི་གླུ་གཞས་ལ་ནང་གསེས་ཁག་མང་དུ་དབྱེ་རྒྱུ་ཡོད་པ་དཔེར་ན། གླུ་ལ་མཚོན་ན་ལ་གླུ་དང། འབྲོག་གླུ། མཛའ་གླུ། ཁམས་གླུ་སོགས་དང། གཞས་ལ་མཚོན་ན་སྒོར་གཞས་དང་ཆང་གཞས། ལས་གཞས། མདའ་གཞས། ཚིག་རྒྱག། སྟོད་གཞས་སོགས་མང་དུ་ཡོད་”①པ་ལས་ཚིག་རྒྱག་འདི་ཉིད་ཟུར་དུ་བཏོན་ནས་བརྗོད་ན། “ཚིག་རྒྱག་དེ་སྔ་དབུས་གཙང་ཁུལ་དུ་དར་འཁྱབ་ཤིན་དུ་ཆེ་ཞིང་དེ་ཉིད་ཚེག་བར་དྲུག་དང་ལྡན་པ་ཤས་ཆེ་བ་ཕུད་མདོ་སྨད་ཡུལ་དུ་དར་བའི་གླུ་ཤགས་དང་ཕལ་ཆེར་མཚུངས། བརྗོད་བྱའི་དོན་གྱི་ཆ་ནས་བཤད་ན། གཞན་ལ་ཟུར་ཟ་གསུན་འབྱིན་དང་གཞན་གྱི་མཚང་འདྲུ་བ། རང་སྟོད་གཞན་སྨོད་བྱེད་པ་སོགས་ཀྱི་བརྗོད་དོན་དེ་དག་དཔེ་རུ་དྲངས་ནས་ཉན་མཁན་ལ་བགད་མོ་སློང་བ་དང་སྤྲོ་སྣང་སྦྱིན་པ། ནང་དོན་དངོས་ཡོད་འཚོ་བ་དང་ཐག་ཉེ་ཞིང་མིའི་དགའ་སྐྱོ་ཆགས་སྡང་གི་བསམ་པའི་འཚོར་འདུ་དྲག་པོ་དང་བརྩེ་དུང་ཟབ་མོ་མཚོ་ཡི་རྦ་རླབས་ཇི་བཞིན་བསྟན་ནུས་པ་ཡིན།”② དེ་ལྟ་བུའི་བོད་རིགས་མི་དམངས་ཀྱི་བློ་གྲོས་དང་ཤེས་རབ་ལས་འཁྲུངས་པའི་ཉིང་ཁུ་འདི་ཉིད་འདས་པའི་མི་ལོ་དུ་མའི་ནང། རང་རེའི་མེས་པོ་ཚོས་ངག་ཐོག་ནས་རྒྱུན་འཛིན་དང་གོང་སྤེལ་མཛད་ཡོད། འོན་ཏེ་དེང་སང་དབུས་གཙང་ཁུལ་དུ་གྲོང་འཁྱེར་བ་ལྟ་ཅི། ཐ་ན་ཞིང་འབྲོག་ཁུལ་གྱི་མི་རྣམས་འདུ་འཛོམས་བྱེད་སར་ཡང་གཞས་ཤགས་སོགས་འགྱེད་མཁན་གྱི་མི་ཧ་ཅང་དཀོན་པ་ཉིན་དཀར་དུས་ཀྱི་སྐར་མ་ལྟ་བུ་རེད། ད་ལྟ་མི་ཚོགས་འདུ་འཛོམས་བྱ་སར་བཤད་རྒྱུའི་གླེང་གཞི་ནི་བོད་ལྗོངས་བརྙན་འཕྲིན་ཁང་གི་རྒྱ་སྐད་ནས་བོད་སྐད་དུ་སྒྱུར་ཡོང་བའི་བལྟས་ནས་རྫོགས་རྒྱུ་མེད་པའི་རྒྱུན་མཐུད་འཁྲབ་མཚན་དག་ཡིན་ཏེ། མི་རྣམས་ཀྱི་ཕྱི་དྲོ་རང་རང་གི་ལས་ཚར་མ་ཐག་ནམ་རྒྱུན་བཞིན་བརྙན་འཕྲིན་གྱི་སྒོ་ཕྱེ་ནས་བོད་སྐད་ཀྱི་རྒྱུན་མཐུད་འཁྲབ་མཚན་ལ་བལྟ་བར་འབྲེལ་ལ། ཉིན་མོ་མི་ཚོགས་འདུ་འཛོམས་བྱེད་སར་ཕན་ཚུན་གྱི་ཁ་བརྡ་བྱེད་པའི་ནང་དོན་ནི། ད་སྐབས་བསྟོན་པའི་རྒྱུན་མཐུད་འཁྲབ་ཚན་དེའི་ནང་སུས་སུ་བསད་པ་དང་། སུས་སུ་ལ་བཙན་གཡེམ་བྱས་པ། ཡང་སུས་སུ་ལ་་མགོ་བསྐོར་བཏང་བ་སོགས་བརྗོད་པ་ལས་སྔ་མོ་ནས་རང་རེའི་མེས་པོས་བཞག་པའི་གླུ་དང་ཚིགས་རྒྱག་སོགས་འགྱེད་མཁན་གྱི་མི་ནི་ཧ་ཅང་གི་དཀོན་པོར་སོང་འདུག། དེས་ན་སྔ་མོ་ནས་དམངས་ཁྲོད་དུ་དར་འཁྱབ་ཆེ་བའི་རྩ་ཆེའི་བསམ་པའི་རྒྱུ་ནོར་དེ་དག་འཚོལ་བསྡུ་དང་མྱུར་སྐྱོབས། ལེགས་སྒྲིག་སོགས་མ་བྱས་ན་ནམ་ཞིག་རང་ཤུགས་ཀྱི་རྩ་བརླག་ཏུ་འགྲོ་ཉེན་ཆེ་བས་ན་རང་ཅག་རྗེས་རབས་པ་ཚོས་དེར་རྒྱུད་འཛིན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེ་བར་བསམས། དེས་ན་ད་ཐེངས་རང་ཉིད་དབྱར་གསེང་ལ་ཕ་ཡུལ་ལྷོ་ཁ་རུ་ལོག་དུས་ཚིག་རྒྱག་འགའ་བསྡུས་བཀོད་ཡོད་པ་གཤམ་གསལ། རི་མགོ་མཐོན་པོའི་སྐྱོར་ཁོག། དྲོ་རོགས་མེད་པའི་གྲང་རོགས། ལ་མོའི་རྒྱབ་གྱི་བྱམས་པ། དགའ་རོགས་མེད་པའི་སྐྱོ་རོགས། ཚིགས་ཁེབས་མདའ་གཅིག་ནང་ལ། རྫུབ་གཉིས་ཐར་གྱི་མ་རེད། གསར་པ་བློ་ལ་ཡོད་ཀྱང། རྙིང་པའི་འགྲོ་སྟངས་སྐྱོལ་ཤོག། ཚིགས་ཁེབས་གཡུ་ཁྲའི་བདག་པོ། བྱང་རྒྱུད་འགྲིམས་ནས་ཕྱིན་སོང། གཡུ་ཁྲ་ང་རང་དྲག་ག། བྱང་རྒྱུད་འགྲིམས་མཁན་སྡུག་སོང། ཚིགས་ཁེབས་ལྕགས་རིལ་ཟངས་རིལ། མཛུབ་མོ་གཅུར་བ་མ་གནང། མཛུབ་མོ་འདི་ཡི་མཛུབ་རྒྱན། རི་ཟུར་མ་གིར་ཡོད་རེད། ཤར་ཕྱོགས་སྤྲིན་བཟང་དཀར་པོ། འཇམ་པའི་བལ་དུ་སོང་ན། རང་སེམས་དགའ་བའི་མི་ལ། གོས་སྣ་རེ་རེ་བཟོས་ཆོག། ལྟོགས་དུས་ཉུང་མ་བཟས་པས། གྲང་དུས་ཕོ་བར་རྒྱབ་བྱུང། དགའ་དུས་སྙིང་གཏམ་བཤོད་ས། སྐྱོ་དུས་དགྲ་རུ་ལངས་སོང། དབྱར་ཁ་ལུ་མ་གང་ཡོད། དགུན་ཁ་བལྟས་ནས་མཐོང་ཡོང། བྱམས་པ་འཁྲེལ་གཞུང་ཡོད་མེད། བལྟས་ནས་མཐོང་རྒྱུ་མི་འདུག། སེམས་པ་སྐྱོ་ནས་བསྡད་ན། སྐྱོ་རོགས་སུ་ཡིས་བྱེད་དམ། གནས་བཟོད་བདེ་ནས་བསྡད་ན། ལྟོ་གོས་སུ་ཡིས་སྐྱོང་ངམ། དཀར་ཡོལ་དཀར་གཙང་ནང་ལ། སེང་གེའི་འོ་མ་བླུགས་ཡོད། དཀར་ཡོལ་ཆག་ཀྱང་དཀར་པོ། འོ་མ་ཟགས་ཀྱང་དཀར་པོ། མཚོ་མོ་དབྱར་མཚོ་རྒྱས་པ། དགུན་ཆུར་རྒྱས་རྒྱུ་བྱུང་ན། སྐལ་བཟང་གསེར་གྱི་ཟམ་པ། རི་བོའི་རྩེ་ལ་བཙུགས་ཆོག། ཤར་ཕྱོགས་སྤྲིན་བཟང་དཀར་པོ། ལྷོ་གནས་འཇལ་དུ་ཕྱིན་སོང། ལྗང་ཕྲུག་སད་ཀྱི་མ་འཁྱེར། དབུ་མནའ་བཞག་རོགས་གནང་དང། གསེར་གྱི་སླ་ངའི་ནང་ལ། འབྲས་ཡོས་བརྔོ་རྒྱུ་བྱུང་ན། མེ་ཤིང་ཚེར་མ་མི་དགོས། དགའ་ལྡན་མཁན་པས་བརྔོས་ཆོག། སྨིན་དྲུག་མད་མད་རུབ་རུབ། ནམ་མཁའ་གཞུང་བཤག་གཏོང་གིས། བྱང་སྐར་ཕག་ཕུ་རག་པ། བྱང་ནས་བྱང་དུ་ལོག་སོང། མི་རྟག་འཆི་བ་ཟེར་བ། མིག་གིས་མཐོང་རྒྱུ་ཡོད་ན། གཡས་རིའི་ལོག་ནས་ཡོད་ཀྱང། གཡོན་རིའི་ལོག་ནས་ཕྱིན་ཆོག། མི་རྟག་འཆི་བ་སྐུ་མཁྱེན། ལོ་གསུམ་དགོངས་པ་གནང་རོགས། དགྲ་གཅིག་འདུལ་དགོས་མེད་ཀྱང། གཉེན་གཅིག་སྐྱོང་དགོས་ཡོད་དོ། སེར་གྱི་ཅོག་ཙེའི་སྟེང་ལ། གཡུ་ཡི་ཨ་བ་ནེ་ཙོ། ཇ་ཆང་འདོད་རྒུ་འཛོམས་པའི། སྔོན་ཤེས་གསུང་རོགས་གནང་དང། རི་བོ་ཆེན་པོ་མ་འགྱུར། རི་བདག་ལས་ཀྱི་འཁོར་ཡོང། དྲིན་ཆེན་ཕ་མ་མ་འགྱུར། བྱམས་སྐྱོང་ལས་ཀྱི་འཁོར་ཡོང། རང་ཡུལ་ཡག་ཤག་མ་བྱེད། གཞན་ཡུལ་སྡུག་ཤག་མ་གཏོང། གཞོན་པས་དཀའ་བ་སྤྱོད་ས། གཞན་གྱི་ཡུལ་དུ་ཡིན་པ། མེ་ཏོག་ཆུང་ལ་མཛེས་པ། ན་ཆུང་སྲན་མའི་མེ་ཏོག། དབྱར་ཁ་འོང་ཁའི་རྒྱན་བྱས། དགུན་ཁ་རྟ་ཕོའི་ཆག་བྱས། རྟ་ཕོ་རྟ་ར་གང་ལ། ང་འགྲོ་ཁྱོད་འགྲོ་ཟེར་གྱིས། འགྲོ་བདེན་འགྲོ་བའི་ཞོགས་པ། རྟེའུ་ཨ་མས་ཕྱིན་སོང། རྟ་ཕོ་ཆག་གིས་གསོས་ཡོད། ནག་ཆུང་སྲན་མས་གསོས་ཡོད། རྟ་ཕོར་ངོ་ཚ་མི་འདུག། མི་མང་ཁྲོད་དུ་དབྱུགས་བྱུང། རྟ་ཕོ་ཆག་གིས་གསོས་ནས། རྐང་ཐང་འགྲོ་དགོས་བྱུང་ན། རྟ་ར་གྲུ་བཞིའི་ནང་ལ། བཏགས་དང་མ་བཏགས་མི་འདུག། ཕ་མ་བཟང་པོའི་བུ་ཕྲུག། དགེ་རྒན་བཟང་པོའི་དགེ་ཕྲུག། ས་ཕྱོགས་གང་དུ་སོང་ཡང། ཡར་ཤོག་མར་ཕེབས་གསུང་གིས། རི་རྒྱལ་ལྷུན་པོས་གཙོ་བྱས། རི་ལས་རི་རྒྱུད་འབེལ་བ། དྲིན་ཆེན་ཕ་མས་གཙོ་བྱས། གཉེན་ལས་གཉེན་འཁོར་འབེལ་བ། ཆུ་དེ་ལུ་མ་ཞིམ་པ། ལུ་མའི་ལུ་ཆུ་ཞིམ་པ། རྩ་དེ་རམ་པ་ཞིམ་པ། རམ་པའི་རམ་ལོ་ཞིམ་པ། གནམ་ལ་སྤྲིན་པ་འཁོར་བ། རྒྱ་མཚོའི་ཁ་རླངས་ཡིན་པ། ཆར་པ་འབབ་དང་མི་འབབ། ཀླུ་རྒྱལ་ཕྱག་ལ་ཡོག་རེད། ཨོ་ལོ་ང་རའི་མིང་ལ། གསེར་སྐུ་མདའ་རྐྱང་ཟེར་བ། ལྟོ་གོས་གསེར་ལས་བཀོན་པ། གནས་བཟོད་མདའ་ལས་བདེ་བ། ང་ལ་ཕ་ཡུལ་ཕྱོགས་ནས། ལོག་ཤོག་ཡིག་ཆུང་བསྐུར་འདུག། ལོག་ཤོག་ཡིག་ཆུང་མ་རེད། བསྡོད་ཤོག་རྩམ་པ་ཡིན་འགྲོ། ཤིང་གཅིག་སྦྱར་པས་ལན་ན། སྦྱར་པ་སྟ་རེས་གཏུབ་ཆོག། ཨ་མའི་བུ་མོས་ལན་ན། བུ་མོས་ལྷ་ཆོས་བཞུས་ཆོག། ལྕང་མ་ཆུ་ཁར་སྐྱེས་པར། ཡ་རེ་མཚར་རྒྱུ་མི་འདུག། བྲག་རི་སྐམ་པོའི་སྟེང་ལ། ལྷ་ཤིང་ཤུག་པ་འཁྲུངས་ཡོད། ཁྲ་ཚང་འོག་གི་བྱིའུ་ཚང། བསག་ཁུལ་བྱས་པ་མ་གཏོགས། བརྟེན་ས་མཁས་པའི་བྱིའུ་ཚང། བེ་ཡམ་འོག་ལ་ཡོག་རེད། ཆར་པ་ཆུ་རིས་ཤིག་ཤིག། སྤང་གཤོངས་ཡེ་ནས་ཆས་བྱུང། དབྱར་ཆས་དགུན་ནས་མ་སྒྲིག། ཨ་རེ་འགྱོད་ཙམ་བྱས་བྱུང། ཕ་ཡུལ་ཕྱོགས་ནས་ཡོང་དུས། སུ་ཡང་དྲན་པ་མ་བྱུང། ལ་མོ་གཅིག་རྒྱབ་གཉིས་རྒྱབ། ང་ཡང་ཨ་མ་དྲན་བྱུང། དགའ་ན་དགའ་ཚད་འཛོམས་སོང། ཞིམ་ན་ཞིམ་ཚད་བཀྱག་ཤོག། ཞིམ་པོའི་ཨ་རག་བདུད་རྩི། མཛད་པ་མེད་པ་བཀྱག་ཤོག། བྲག་དེ་ནག་པོའི་སྟེང་ལ། ཕོ་རོག་ནག་པོ་འབབ་སོང། ཕོ་རོག་ནག་པས་མ་ཚད། ལུང་པ་ནག་པོ་བཟོས་སོང། སྤང་སྟོད་ལྷ་བྱ་གོང་མོ། སྤང་ལ་ཡུར་མ་རྒྱག་གིས། བདུད་མོ་ཨར་སྡག་ལྷ་མོ སྙིང་ལ་ཡུར་མ་རྒྱག་གིས། ཕར་ལན་བྲག་ནས་ཕྱིན་པས། བལྟས་ངན་འུག་པ་འདྲོགས་སོང། བལྟས་ངན་འུག་པ་འདྲོགས་འདྲོགས། འདྲོགས་ཡོང་བསམ་བསམ་མ་བྱུང། སྤང་སྟེང་ལྷ་བྱའི་ལད་ཟློས། འདྲེ་བྱ་སྲེག་པས་བྱས་ན། ཡས་མཆུ་རྫ་ལ་འཁོལ་ཡོང། མས་མཆུ་སྤང་ལ་འཁོལ་ཡོང། ཙན་དན་སྡོང་པོའི་སྟེང་ལ། བལྟས་ངན་འུག་པ་འབབ་སོང། བཙན་ལྡན་བཅད་ན་འཕང་བ། འུག་པ་དམར་གསོད་གཏོང་ཤིག། ཁང་ཆུང་གྲུ་བཞིའི་ཐིགས་ས། བྱེ་མས་ཕན་གྱི་ཡོད་ན། ཆར་པ་དྲག་ཆར་འབབ་དུས། ཨོ་ལོས་བལྟས་མོ་བལྟས་ཆོག། ཆུ་མོ་ལགས་ཀྱི་ཁ་བྱས། ཉ་མོ་ལགས་ཀྱི་གཏིང་བྱས། ད་ལོ་སེར་བྱ་ངང་པ། མཐའ་ལ་འདོན་སྙིང་འདོད་སོང། བྲག་སྟོད་ཐོག་ལ་བཞུགས་པའི། རྒོད་པོ་ལྷ་རྒྱལ་ཚེ་རིང། ཤ་ལ་བཟའ་ཚོད་མ་ཟིན། རུས་པས་སྒག་ནས་ཤི་སོང། བྲག་སྟོད་ཐང་དཀར་རྒོད་པོ། བྲག་ལ་ལབ་པ་མ་གནང། ས་རུབ་མུན་པ་སླེབས་དུས། འཁོར་ས་བྲག་ལས་མི་འདུག། དགོན་པའི་ཁྱི་གུ་ངར་བ། སྐལ་བཟང་སྔོ་ཡོ་ངར་བ། ཕྱོགས་བཞིའི་རྐུན་མ་མ་ཐུབ། གནས་འབྱོར་ང་ལ་སྡང་བ། དབྱར་ཁ་འོང་ཁའི་དཀྱིལ་ནས། སྐྱེས་ད་མང་པོ་སྐྱེས་ཡོང། སྐྱེས་ཚད་ཞལ་ལ་མཆོད་ན། དུག་གི་ལོ་མ་འཕྲད་ཡོང། རྩོམ་བྱུང་ཁུངས་མཆོད་མེ་དྲ་བ་། x

Comments

Popular posts from this blog

ཕུལླ་ཧ་རི་ཡུལ་དབུས་ན་ཡོད།

རྟེན་འབྲེལ་སྙིང་པོའི་གླུ་འདི་བླངས་སོ།།

སྒྲ་སྒྱུར་མར་པ་ལོ་ཙའི་འདས་མཆོད་ལ་ཕུལ་བའི་རྣམ་ཐར།